༈ སྔ་འགྱུར་རྡོར་གདན་སྨོན་ལམ་ཆེན་མོ་དབུ་བརྙེས་ཏེ་བགྲང་བྱ་ཉེར་ལྔ་འཁོར་བའི་དུས་དྲན་གྱི་དངོས་གཞིའི་མཛད་རིམ།

༡༽

བོད་རྒྱལ་ལོ་ ༢༡༤༠ རབ་གནས་ཆུ་སྦྲུལ་ཟླ་ ༡༢ ཚེས་ ༡

སྤྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༣༡

སྔ་དྲོ་ཕྱག་ཚོད་ ༦ དང་སྐར་མ་ ༣༠ ཐོག་དུས་འཁོར་ཐང་ཆེན་དུ་འཛོམས་རྗེས་གསེར་སྦྲེངས་དང་བཅས་དགེ་འདུན་མང་ཚོགས་ནས་མཆོད་རྟེན་རིན་པོ་ཆེར་སྐོར་བ་ཕྱི་ནང་བར་གསུམ་དུ་བསྐོར་གནང་ཞིང་བླ་ཆེན་རྣམ་པས་གཙོས་མཁོ་ཁྱིམ་རིན་པོ་ཆེ་དང་རི་མགོ་སྤྲུུལ་སྐུ་རིན་པོ་ཆེ་རྣམ་གཉིས་ནས་བདག་ཅག་གི་སྟོན་པའི་སྐུ་བརྙན་རིན་པོ་ཆེར་ལྷུང་བཟེད་དང་སྐུ་ཆོས་འབུལ་གནང་མཛད་རྒྱུ།

 ༢༽

བོད་རྒྱལ་ལོ་ ༢༡༤༠ རབ་གནས་ཆུ་སྦྲུལ་ཟླ་ ༡༢ ཚེས་ ༦

སྤྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༥

སྔ་དྲོ་ཕྱག་ཚོད་ ༡༡ ཐོག་སྔ་འགྱུར་བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག་༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་ནས་རྡོར་གདན་སྔ་འགྱུར་སྨོན་ལམ་ཚོགས་ཆེན་གྱི་ཆོས་སྒར་དུ་སྔ་འགྱུར་སྨོན་ལམ་ཆེན་པོ་དབུ་བརྙེས་ཏེ་བགྲང་བྱ་ཉེར་ལྔ་འཁོར་བའི་དྲན་རྟེན་རྡོ་རིང་དང་སྔ་འགྱུར་རྙིང་མའི་དབུ་འཛིན་རིམ་བྱོན་གྱི་ན་བཟའ་དང་དབུ་ཞྭ་སོགས་ཀྱི་མཇལ་ཁའི་དབུ་འབྱེད་གནང་རྒྱུ།

༣༽

བོད་རྒྱལ་ལོ་ ༢༡༤༠ རབ་གནས་ཆུ་སྦྲུལ་ཟླ་ ༡༢ ཚེས་ ༧

སྤྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༦

སྔ་དྲོ་ཕྱག་ཚོད་ ༩ པའི་ཐོག་༧སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་མཆོག་གི་ཡང་སྲིད་རིན་པོ་ཆེའི་སྐུ་པར་མཐོང་གྲོལ་གདན་འདྲེན་ཞུས་རྗེས་ཕྱོགས་བཞིའི་བླ་ཆེན་རྣམས་ནས་ཡང་སྲིད་མཆོག་གི་སྐུ་པར་མདུན་མཎྜལ་རྟེན་གསུམ་འདེགས་འབུལ་ཞུ་རྒྱུ་དང་སྦྲགས་ཡང་སྲིན་རིན་པོ་ཆེའི་ངོ་སྤྲོད་དང་༧སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་མཆོག་གི་མཛད་ཕྲིན་དང་སྨོན་ལམ་ལ་བཀའ་དྲིན་ཆེ་བའི་སྐོར་གསུང་བཤད་གནང་རྒྱུ།

༤༽

བོད་རྒྱལ་ལོ་ ༢༡༤༠ རབ་གནས་ཆུ་སྦྲུལ་ཟླ་ ༡༢ ཚེས་ ༩

སྤྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༨

༡༽ སྔ་དྲོ་ཕྱག་ཚོད་ ༩ དང་སྐར་མ་ ༣༠ ཐོག་དགེ་འདུན་མང་ཚོགས་དང་སྐུ་མགྲོན་རྣམས་དུས་འཁོར་ཐང་ཆེན་དུ་འཛོམས་གནང་རྒྱུ།

༢༽ མཁན་པོ་བསོད་ནམས་ཚེ་དབང་ནས་བོད་དབྱིན་གཉིས་ཀྱི་ཐོག་ནས་མཛད་རིམ་སྙན་སྒྲོན་ཞུ་རྒྱུ།

༣༽ ཕྱག་ཚོད་ ༡༠ ཐོག་གལ་ཆེའི་སྐུ་མགྲོན་དང་བླ་ཆེན་ཁག་དུས་འཁོར་ཐང་ཆེན་དུ་འཛོམས་གནང་སྟེ་བདག་ཅག་གི་སྟོན་པའི་སྐུ་བརྙན་མདུན་སྐུ་མགྲོན་གཙོ་བོ་མཆོག་དང་སྔ་འགྱུར་བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག་༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་རྣམ་གཉིས་ནས་སྣང་གསལ་མར་མེའི་ཞལ་ཁ་ཕྱེ་སྟེ་མཛད་སྒོ་དབུ་འཛུགས་གནང་རྒྱུ།

༤༽ རྒྱལ་སྤྱི་སྔ་འགྱུར་སྨོན་ལམ་ཚོགས་ཆེན་གྱི་དྲུང་ཆེ་མཁན་པོ་ཆོས་དབང་མཆོག་ནས་སྔ་འགྱུར་སྨོན་ལམ་ཆེན་མོའི་ལོ་རྒྱུས་དང་འབྲེལ་མཛད་སྒོ་ངོ་སྤྲོད་ཀྱི་གསུང་བཤད་གནང་རྒྱུ།

༥༽ སྔ་འགྱུར་སྨོན་ལམ་ཆེན་མོ་དབུ་བརྙེས་ཏེ་ད་བར་ཞབས་འདེགས་ཞུ་མཁན་རྣམས་ལ་ཐུགས་རྗེ་ལེགས་འབུལ་གྱི་གཟེངས་རྟགས་འབུལ་བཞེས་གནང་རྒྱུ།

༦༽ སྐུ་མགྲོན་གཙོ་བོ་མཆོག་ནས་གསུང་བཤད་གནང་རྒྱུ།

༧༽ ཕྱག་ཚོད་ཕྱེད་ཀའི་རིང་གླིང་བྲོ་བདེ་ཆེན་རོལ་མོའི་འཁྲབ་སྟོན་གཟིགས་འབུལ་ཞུ་རྒྱུ།

༨༽ རྒྱལ་སྤྱི་སྔ་འགྱུར་སྨོན་ལམ་ཚོགས་ཆེན་གྱི་ཚོགས་གཙོ་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་སྔ་དྲོའི་མཛད་རིམ་མཇུག་བསྡོམས་མཛད་རྒྱུ།

༩༽ ཕྱི་དྲོ་ཕྱག་ཚོད་ ༢ སྐར་མ་ ༣༠ ཐོག་སྔ་འགྱུར་བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག་༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེའི་ཞལ་སྔ་ནས་ཚེ་དབང་བཀའ་དྲིན་སྩོལ་གནང་མཛད་རྒྱུ་དང་དེ་རྗེས་མུ་མཐུད་གླིང་བྲོ་བདེ་ཆེན་རོལ་མོ་དང་གཞས་སྣ་རིགས་འཁྲབ་སྟོན་གཟིགས་འབུལ་ཞུ་རྒྱུ།